标题:愿能直抵解脱寂静洲 | 《杜鹃欢歌》 内容: “杜鹃欢歌”是以譬喻命名。 杜鹃即布谷鸟。 在藏地,人们都认为杜鹃的鸣叫声是一种吉兆,从此要迎来硕果累累的夏季。 “欢歌”指心中情不自禁唱出的欢喜之歌。 此赞颂文的法音,就像森林中杜鹃的歌声般微妙悦耳,优美动听,这也意味着吉祥的缘起已经开启,真实的利乐即将到来。 ༄། །དབེན་གནས་བཀྲ་ཤིས་ཁྲི་གླིང་ལ་བསྔགས་པ་དཔྱིད་ཀྱི་རྒྱལ་མོའི་རྒྱང་གླུ་ཞེས་བྱ་བ།རྒྱལ་ཀུན་གསང་གསུམ་མི་ཟད་རྒྱན་གྱི་མཛོད། །མཁའ་ཁྱབ་ཡེ་ཤེས་སྒྱུ་མའི་རོལ་རྩེད་མཁན། །མཁྱེན་རབ་རལ་གྲིའི་འཁྲི་ཤིང་གཡོ་བའི་ལྷ། །འདབ་བརྒྱད་སྙིང་གི་འཁོར་ལོར་རྩེན་པར་མཛོད། །ཡིད་འོང་དྲང་སྲོང་དགྱེས་པའི་རི་ངོགས་ན། །དབེན་གསུམ་བདུད་རྩིའི་དཔལ་ལ་སྲེད་པ་ཡི། །སྐལ་བཟང་མཆེད་གཅིག་དགྱེས་པ་སྐོང་བའི་ཕྱིར། །བསྟོད་ཚིག་དཔྱིད་ཀྱི་རྒྱལ་མོའི་རྒྱང་གླུ་ལེན། །ཨེ་མ་འཛམ་གླིང་ཡང་རྩེ་གངས་རིའི་ལྗོངས། །ཁམས་ཞེས་གྲགས་པའི་གསེར་ལྡན་སྒེག་མའི་གཞིར། །ཡི༵ད་ཀྱི་ཐིག་ལེ་ལྷུ༵ང་བའི་དགའ་ཚལ་ཞིག །ས་ལ་ཆགས་པའི་ལྷ་ཡུལ་ཟོལ་གྱིས་སྣང་། །གནས་དེར་སྙན་ངག་སྨྲ་བ་འབུམ་ཕྲག་གིས། །བསྔགས་བརྗོད་རོ་འཛིན་གཡོ་བའི་འབབ་སྟེགས་ཀྱི། །གྲགས་པ་དཀར་པོའི་དཔལ་འཛིན་ལྷ༵་ཡི་མཚོ༵། །གནམ་སྔོན་ཞུན་མ་ས་ལ་འཁྱིལ་བ་བཞིན། །དེ་ཡི་ཤར་ཕྱོགས་དབྱིག་གི་བློ་གྲོས་མར། །ཀྲོང་ངེར་འགྱིང་བའི་སྤོ་མཐོའི་རྫ་ཡི་རི། །སྔོ་ལྗང་ནགས་ཚལ་དར་གྱི་ཤམ་བུ་ཅན། །གཏེར་སྲུང་ཡཀྴ་གཟི་འབར་ཞེས་སུ་གྲགས། །སྔོན་ཞིག་གནས་འདི་སྟག་རོང་ཁྲོ་རྒྱལ་གྱིས། །བདག་གིར་བཞེས་ནས་སྐུ་མཁར་བཏབ་པའི་ཤུལ། །ད་དུང་མིག་གི་བདུད་རྩིར་བཀྲ་བའི་གཏམ། །ས་འདིའི་སྐྱེ་བོའི་ཁ་ན་རླུང་ལྟར་གྲགས། །མ་བཀོད་བྲག་རི་མཛེས་པའི་བ་གམ་ན། །མ་རྙོག་དྭངས་བསིལ་གཡུ་ཡི་མཚོ་མོ་གསུམ། །མ་བཤམས་རང་བྱུང་བདུད་རྩིའི་མཆོད་ཡོན་དུ། །མ་བསྒྲིགས་བསྟར་ལ་བཀོད་འདི་མཚར་རེ་ཆེ། །རི་ཡི་འདབས་ན་ཁྲོ་རྒྱལ་དཔོན་པོ་ཡིས། །ངོ་མཚར་རྫུ་འཕྲུལ་བཀོད་པ་འབུམ་བསྟན་ནས། །གཏེར་དུ་བཞེས་པའི་ཆུ་ཚན་སྨན་གྱི་རྫིང་། །བཞི་བརྒྱ་རྩ་བཞིའི་ནད་ཀྱི་གཉེན་དུ་འཁྱིལ། །གང་གི་གཡོན་ཕྱོགས་ཡིད་ལྷུང་སའི་ཐིག་ལེ། །བཀྲ༵་ཤི༵ས་དགེ་མཚན་འབར་བའི་ལུང་གཞུང་ན། །གསེར་གྱི་ཁྲི༵་འཕང་ཇི་བཞིན་སྟེང་གི་ཆར། །མངོན་པར་འཕགས་པའི་རི་གླི༵ང་ལྟ་ན་སྡུག །གནས་འདིར་རྣལ་འབྱོར་སྒྲུབ་པ་པོ་རྣམས་ཀྱིས། །གང་བརྩམས་ལས་རྣམས་མཆོག་དང་ཐུན་མོང་གི །གྲུབ་གཉིས་འདོད་རྒུས་ནམ་ཡང་མི་གཏོང་ཞེས། །མཁས་གྲུབ་དུ་མའི་དགོངས་དབྱངས་གཅིག་ཏུ་མཐུན། །འཇིགས་མེད་ཆོས་རྗེ་ཡིད་བཞིན་ནོར་བུ་ཉིད། །ཕྱོགས་འདིར་ཆིབས་ཀྱི་ཁ་ལོ་སྒྱུར་བའི་སྐབས། །ངོ་མཚར་དབང་ཆེན་སྤྲུལ་བའི་ཕོ་བྲང་དུ། །བསྔགས་པའི་མེ་ཏོག་སིལ་མ་ཆེད་དུ་གཏོར། །སྟོད་ན་མཚར་སྡུག་ཁ་བའི་གོས་དཀར་ཅན། །ལྷུན་སྟུག་གངས་རི་ཤེལ་གྱི་མཆོད་རྟེན་འདྲ། །རྩེ་མོ་ཆུ་འཛིན་བླ་བྲེས་མ་ཟིན་ནས། །ཀུན་གསལ་ཉི་ཟླའི་རྣ་ཆ་རྒྱན་དུ་འཛིན། །བར་ན་ཆར་སྤྲིན་གྲོགས་སུ་སྡེབ་པ་ཡི། །བརྗིད་ཆགས་སྔོ་བསང་རྫ་རི་ཕྱུག་མོ་རྣམས། །ལྕགས་ཀྱི་ཁྲབ་རྨོག་གྱོན་པའི་དཔའ་བོ་དག །སོ་ཁ་སྲུང་བའི་སླད་དུ་རྒྱུ་བ་བཞིན། །སྨད་ན་དལ་བུའི་རླུང་གིས་བསྐྱོད་པ་ཡི། །ཡལ་གའི་ཁོར་ཡུག་མཛེས་པའི་སྤུ་ལོང་ཅན། །ཡིད་འོང་ནགས་ཚལ་ཕྲེང་བས་དཀྲིས་པའི་རི། །མརྒད་ལྷུན་པོའི་དཔལ་ལས་ལན་བརྒྱར་འགོངས། །མདའ་ན་གཙང་ཆབ་སིལ་མའི་རྒྱན་བཟང་ཅན། །ཐ་གྲུ་མཉམ་ཞིང་བརྡལ་བའི་གསིང་མ་ནི། །ཚངས་ཆེན་མེས་པོའི་ཡིད་ཀྱིས་སྤྲུལ་བ་ཡི། །གཡུ་ཡི་མེ་ལོང་གཉིས་པར་སུ་ཡིས་ཕྱེད། །ཤ༵ར་ཕྱོགས་ས་འཛིན་ནམ་མཁའི་མཐོངས་ཕྱེ་ཞིང་། །ལྷོ༵་ཕྱོགས་རི་བོ་རིན་ཆེན་སྤུངས་པ་འདྲ། །ནུ༵བ་ཕྱོགས་ལྷུན་པོས་ཕྱོགས་ཀྱི་གོ་སྐབས་འཕྲོག །བྱ༵ང་ཕྱོགས་རྡུལ་བརྩེགས་ཡོལ་བ་བྲེས་པ་འདྲ། །ས༵་ཡི་སྲུང་བ་བཞི་ཡིས་མཐའ་བརྒྱན་ཅིང་། །ཆུ༵་ཤིང་རྫ་ཡི་དཔལ་ཁ་ཕུན་སུམ་ཚོགས། །མེ༵་མཚམས་ནམ་མཁའ་མདའ་ལྟོང་ཕྱེས་པ་འདྲ། །རླུ༵ང་སེམས་དབང་འདུས་བཀྲ་ཤིས་རེ་ཁ་བཀྲ །གཡས་རི་སྒོམ་ཆེན་གདན་ལ་བཞུགས་པའི་ཟླ། །དཔལ་ལྡན་མགོན་པོ་བསྟི་བའི་གནས་མཆོག་ཏུ། །སྤྲུལ་བའི་གཏེར་སྟོན་འོད་གསལ་རྡོ་རྗེ་ཡིས། །མངའ་གསོལ་དབུ་འཕང་བླ་ནས་བླ་རུ་བསྟོད། །གྲོགས་ལམ་དཀར་པོ་ཡངས་ཤིང་རྒྱ་ཆེ་ཞིང་། །བྱང་ཤར་ལོགས་ན་ཆོས་དུང་རི་མོ་བཀྲ། །ཕྱོགས་ཀྱི་ཁོར་ཡུག་ར་བས་བསྐོར་བ་འདྲ། །ནམ་མཁའི་དབྱིབས་ནི་ཟླུམ་སྐོར་ཀུན་ནས་འཁྱིལ། །འོད་གསལ་ཉི་ཟླ་ཞི་བའི་ཕྱོགས་ནས་ཚེས། །རྩི་བཅུད་འབྲས་བུ་རྒྱས་པའི་ཕྱོགས་ནས་སྨིན། །ཉལ་འགྲོའི་རྒྱུན་བཟང་དབང་གི་ཕྱོགས་ནས་འབབ། །ལྷུན་ཆགས་རི་བོ་དྲག་པོའི་ཕྱོགས་ནས་བརྟན། །གཡུ་འབྲུག་མ་བུ་འདྲེས་པའི་ཉེ་ཟུར་ན། །རྒྱ་མཚོ་གཡུ་ཡི་ལྗང་བུ་ལྟ་ན་སྡུག །ས་དཔྱད་རིན་ཆེན་ཕྲེང་བ་ལས་བསྟན་པའི། །གཅེས་པའི་ས་ལྔའི་ཡོན་ཏན་འདི་ལ་ཚང་། །དུས་དང་དུས་སུ་ལྷོ་ཡི་རི་བོ་ལས། །ཞི་བའི་ནགས་རླུང་དལ་གྱིས་གཡོ་བའི་སྒྲ། །སྐལ་བཟང་ཐར་ལམ་སྙོག་པའི་སྐྱེ་བོ་ཡི། །སྙིང་ལ་ངེས་འབྱུང་སྐྱེད་པའི་སྐུལ་མ་འདྲ། །ལྕུག་ཕྲན་ཡལ་ག་ལྡེམ་པའི་རྩེ་མོ་ན། །དགའ་བའི་སྒྲོ་གཤོག་གཡོ་བའི་རྣམ་འགྱུར་ཅན། །འདབ་ཆགས་འཇོལ་མོ་སོགས་ཀྱི་གྲེ་འགྱུར་དབྱངས། །སྒྲུབ་བརྩོན་སྐྱོ་བ་སངས་པའི་དཔྱིད་དུ་སྙན། །རབ་དཀར་གླང་པོའི་གཟུགས་འཆང་ཆུ་འཛིན་དག །འཆར་ཁའི་སྐྱ་རེངས་ཟེར་གྱིས་བསྐུལ་བའི་ཚེ། །དལ་བུས་ལངས་ཏེ་རི་བོའི་མགུལ་བ་ནས། །ལོང་ལོང་མཁའ་ལ་འཕྱོ་བའི་གཟིགས་མོ་མཛེས། །ཉམས་དགའ་བག་ཕེབས་དབེན་པའི་དགའ་ཚལ་འདིར། །དེ་ལྟའི་ཡ་མཚན་ལྟད་མོ་བརྗོད་མི་ཤེས། །སུ་ཞིག་གང་གི་དཔལ་ལ་རྗེས་ཆགས་ན། །ཡིད་ལྷུང་ཁོག་ཏུ་ལན་གཅིག་ཕེབས་པར་ཞུ། །འབྱུང་འགྱུར་དུས་ཀྱི་རྒྱལ་མོའི་ཕོ་ཉ་ཡིས། །ཕུན་ཚོགས་རྟེན་འབྱུང་མགྲོན་དུ་བསུས་པའི་ཚེ། །གནས་འདིར་ངུར་སྨྲིག་འཆང་བས་ཡོངས་གང་ནས། །བཤད་སྒྲུབ་ཆོས་ཀྱི་དུས་སྟོན་དར་གྱུར་ཅིག །ལོངས་སྤྱོད་འཁོར་ལོའི་འདབ་མ་བསྐྱོད་པའི་གར། །རིག་བྱེད་ངག་གི་གདངས་སུ་ཉེར་འཕོས་པ། །ཡལ་འདབ་ལྔ་པའི་འཕྲུལ་དུ་དྲངས་པ་ལས། །བསྟོད་ཚིག་དཔྱིད་ཀྱི་རྒྱལ་མོའི་དབྱངས་འདི་གྲུབ། །དགེ་བ་གང་དེས་མཐའ་ཀླས་ཡིད་ཅན་ཚོགས། །སྲིད་པའི་སྡུག་བསྔལ་ཁུར་གྱིས་དུབ་པ་ལས། །ངེས་པར་འབྱུང་བས་ཡིད་ནི་རབ་བསྐྱོད་དེ། །རྣམ་གྲོལ་ཞི་བའི་གླིང་དུ་དབུགས་ཕྱིན་ཤོག །ཅེས་པ་འདི་ནི་མཁན་རིན་པོ་ཆེ་ཤེས་རབ་བཟང་པོས་བསྐུལ་བའི་ངོར་འདུ་གསུམ་པ་བསྟན་འཛིན་རྒྱ་མཚོས་བོད་མེ་གླང་ལོའི་ཟླ་བ་༨པའི་ཚེས་༡༣སྤྱི་ལོ་༡༩༩༧ལོའི་ཟླ་བ་༡༠པའི་ཚེས་༡༤ལ་གནས་དེ་ཉིད་དུ་གྲུབ་པར་བགྱིས་པའོ། །དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།  沉溺轮回的众生就像远离故乡的浪子,无始以来一直向外攀缘,而忘记了返回内在本具的心地家园。 愿有缘者闻此杜鹃妙音能从迷梦中醒来,由此产生真正的出离心,并通过修行令智慧逐渐增上,最终圆满无量断证功德。 发布时间:2021-06-27 13:34:54 来源:就吃素 链接:https://www.jiuchisu.com/fenxiang/48289